Tuesday, 10 March 2015

ཞོགས་དུང་གི་བསམ་བློའི་གནད།

                                  






དཔྱོད་ཤེས་རྒྱང་འབོད་ཀྱི་སྤྱི་བསྡོམས།



གླེང་གཞི།

        

                   
                             ལོ་ངོ་བཅུ་ཕྲག་སྔོན་དུ་གཞིས་བྱེས་གཉིས་སུ་བསམ་བློ་བ་མཐོ་དམན་བར་གསུམ་གྱིས་སྐུ་ཞབས་ཞོགས་དུང་གི་བསམ་བློ་ལ་གླེང་སློང་ཤུགས་ཆེན་བྱུང་དང་འབྱུང་བཞིན་ཡོད་པའི་ཁྲོད་དུ། སྐྱ་སེར་འགས་མཐའ་གཅིག་ཏུ་དགག་པ་རྒྱག་བཞིན་མཆིས་ལ། འགས་ཞོགས་དུང་གི་བསམ་བློ་ལ་བརྟག་ཅིང་དཔྱད་པར་བྱས་ཏེ་གང་ཞིག་བདེན་པར་འཛིན་པ་དང་ལྟ་བ་མཁྲེགས་འཛིན་མི་བྱེད་པར་བསམ་བློའི་སྒོ་མོ་ཆེ་བསྐྱེད་ཀྱིས་དཔྱད་གཞིར་བཟུང་བ། ཡང་འགས་ཞོགས་དུང་གི་བསམ་བློ་ལས་རང་ཉིད་ལ་ཅི་ཞིག་རྙེད་པ་ལྟར་ལད་ཟློས་བགྱིས་ཏེེ་སྤྱི་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་ལ་ཕན་མིན་མི་ལྟ་བར་གནས་ལུགས་མེད་པའི་སྐད་ཆ་འདྲ་མིན་གླེང་བཞིན་མཆིས་ལ།བརྟག་ཅིང་དཔྱད་པའི་བསམ་བློ་དབེན་པའི་ཟེར་སྒྲོས་ཁོ་ནར་བརྙབས་ཏེ་གཞན་གྱི་ཆེ་མཐོང་སྤྲོད་པར་དགའ་བའམ་རྒྱུ་མཚན་མེད་པར་དགོད་བྲོ་ཁོ་ན་ལ་དམིགས་མཁན་ཅི་རིགས་མཆིས་ཏེ། དེ་དག་ལས་ཆེས་མི་རུང་བ་ཞིག་ནི་མཐའ་གཅིག་ཏུ་དགག་པ་རྒྱག་པ་གང་ཞིག་རང་གི་འཁོར་ལའང་དགག་ལྡོམ་བྱས་ཏེ་མཐའ་ན་ཞོགས་དུང་གི་བསམ་བློ་ལ་ཟུར་མིག་ལྟས་བ་ཙམ་གྱིས་གེགས་བྱེད་པ་འདི་དང་། དེ་བཞིན་སྤྱི་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་ལ་ཕན་མིན་མི་བརྟག་པར་ཟེར་སྒྲོས་ལ་ཕྱོགས་པ་འདི་དག་རེད་དོ།

                                  མི་ཆོས་རིག་གནས་དང་ལྷ་ཆོས་རིག་གནས།

                ཞོགས་དུང་གིས༼བོད་མི་རིགས་འདི་ཡང་རིག་གནས་ལོ་རྒྱུས་ཡོད་པའི་མི་རིགས་གཞན་དག་དང་འདྲ་པར་ཀླ་ཀློ་རྨོངས་བ་ནས་ཀློ་ཀློ་མ་རྨོངས་པ་དང་། ཀློ་ཀློ་མ་རྨོངས་པ་ནས་ཤེས་རིག་ཙམ་དར་བ། ཤེས་རིག་ཙམ་དར་བ་ནས་ཤེས་རིག་དར་བ། ཤེས་རིག་དར་བ་ནས་ཤེས་རབ་དར་བའི་རིམ་པ་བརྒྱུད་མྱོང་བ་རེད།༽ཅེས་གསུངས་འདུག་པར། རང་རེའི་བོད་མི་རིགས་འདི་ཡང་མི་རིགས་གཞན་དང་འདྲ་བར་འགྲོ་བ་མིའི་རིགས་བྱུང་བ་ནས་རིམ་བཞིན་རྣམ་དཔྱོད་འཕེལ་ཏེ་ཟས་སུ་ཤིང་འབྲས་དང་རྡོ་ཆས་ལས་མཚོན་ཆ་བཟོས་ཏེ་རི་དྭགས་རྔོན་པ། གོས་སུ་ཤིང་ལོ་དང་པགས་རིགས་གྱོན་པའི་ངལ་རྩོལ་གྱི་དུས་རིམ་ངེས་ཅན་ཞིག་བརྒྱུད་དེ་འཚོ་གནས་ཀྱི་སླད་དུ་ཞིང་རྨོས་པ་དང་འབྲོག་ལས་བྱེད་པ་སོགས་ཀྱི་ཤེས་བྱ་དར་བ་དང་། དེ་དག་དར་བའི་བགོད་རིམ་ལས་འཕེལ་རྒྱས་སུ་ཕྱིན་ཏེ་སྐད་དང་ཡི་གེ་དར་བ། སྐད་དང་ཡི་གེ་དར་བ་ནས་བསམ་བློ་རིམ་བཞིན་གོང་ཐོར་སོང་བ་བཅས་ཀྱི་བརྒྱུད་རིམ་ཡོད། དེང་སྲིད་འབྱོར་རིག་གསུམ་གྱི་ཕྱུག་པའི་ནུབ་ཕྱོགས་པ་དག་ཀྱང་ཐོག་མར་རྨོངས་པ་ནས་ཤེས་རིག་དར་བ་དང་ཤེས་རིག་དར་བ་ནས་ཤེས་རབ་དར་བའི་ཁྲོད་དུ། ལྷ་འདྲེ་གདོན་གསུམ་ནི་མིའི་རིགས་ཀྱིས་བཟོས་བའི་གཟུགས་མེད་སྣང་བརྙན་ཙམ་ལས་མ་མདས་ལ།དེས་མི་རིགས་ཀྱི་འཚོ་གནས་ལ་གོང་འཕེལ་མེད་པར་རྗེས་ལུས་ཀྱི་གནས་སུ་སྐྱུར་རྒྱུ་ཡིན་པ་རྟོག་ཟིན་པས། 
མི་ཆོས་རིག་གནས་ཞེས་རིང་ལུགས་འདི་གཙོ་བཟུང་གིས་སྤྱི་ཚོགས་འཕེལ་རྒྱས་དང་འཚོ་གནས་ལ་ཁོ་བའི་འཛུགས་སྐྲུན་དང་སྤྱི་ཚོགས་རིག་པ། མི་རིགས་རིག་པ། དཔལ་འབྱོར་རིག་པ་སོགས་ཀྱི་གཞུང་ལུགས་ལས་ད་ཟོད་སྤྱི་ཚོགས་གོང་ཐོར་ཏུ་སོང་བ་ཡིན།
ང་ཚོའི་བོད་མི་རིགས་འདི་ད་དུང་ལྷ་ཆོས་རིག་གནས་ལས་བརྒལ་མ་ཐུབ་པར། བདག་མེད་དང་སྟོང་བ་ཉིད། བདེན་བཞི་དང་འཇིག་རྟེན་ཆོས་བརྒྱད། སྐྱབས་འགྲོ་སོགས་པའི་བག་ཆགས་ཀྱིས་རང་ཉིད་ཀྱི་མགོ་བོ་དམའ་བར་བྱེད་ཅིང་སྒྱིད་ལུག་དང་བག་འཁུམས། དེ་དག་ལས་བརྒལ་མ་ཐུབ་པར་རྙིང་ཞེན་མཁྲེགས་འཛིན་བྱས་པས། འདས་ཟིན་པའི་འུ་ཅག་གི་ལོ་རྒྱུས་ལ་ལྟས་ན་རྟོགས་ངེས་པ་ཞིག་རེད།

                                            ཆོས་སྲིད་ཟུང་འབྲེལ།


               བོད་རྒྱལ་སྲོང་བཙན་གྱི་སྐུ་རིང་ནས་བོད་ལ་རིག་གནས་གསར་གཏོད་དང་རིག་གཞུང་ནང་འདྲེན། ཁྲིམས་དང་ཁྱིམ་མཚེས་རྒྱལ་ཁབ་དང་མཛའ་འབྲེལ་གྱི་ཆབ་སྲིད་ལམ་ལུགས་གསར་གཏོད་བྱས་པ། དེ་བཞིན་ཁྲི་སྲོང་ལྡེ་བཙན་རིང་རྒྱལ་མཚམས་སྲུང་བ་དང་ཐོན་སྐྱེད་འཛུགས་སྐུན་བྱས་པ་སོགས་ཀྱི་མངོན་ཐོན་རྒྱལ་ཁབ་གྱི་གྲས་སུ་བསླེབས་མྱོང་མོད། བར་སྐབས་ཤིག་ལ་ཁྲི་རལ་བའི་རིང་ནས་གྲྭ་བ་རེ་ལ་མི་ཁྱིམ་བདུན་རེ་སྤྲད་པ་དང། གྲྭ་བར་ལོག་ལྟ་བྱས་ན་མིག་འདོན་པ། ཁ་ངན་བཤད་ན་མཆུ་ཏོ་འབྲེག་པ། ལྷ་ཁང་དང་གྲྭ་བའི་རྒྱུ་ནོར་རྐུས་ན་དེའི་ལྡབ་གྱུར་གྱིས་ཕྱིར་སྤྲོད་དུ་བཅུག་པ་སོགས་ཀྱི་རྐྱེན་གྱིས། བློན་པོ་འགའ་དང་འབངས་མིའི་བློ་ལ་མ་འབབས་པས་མཐར་རྒྱལ་པོ་བཀུམས་པ་མིན་ནམ། བོད་སིལ་བུར་འཐོར་ཏེ་ལོ་བཞི་བརྒྱ་བཅུ་གཅིག་འགོར་རྗེས་སུ་སླར་ཆོས་ལུགས་གྲུབ་མཐའ་ཁག་གིས་རིམ་བཞིན་བོད་ཀྱི་སྲིད་དབང་བཟུང་མོད། དེ་ཡང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་སུ་བཞུགས། ལམ་ལུགས་འདི་འདྲ་ཞིག་འཁྱར་འཁྱོར་ངང་ད་ལྟའི་བར་ཏུ་གནས་ཐུབ་པ་དཔེ་རེད་དོ།

                               སྤྱི་བསྡོམས་འདི་ངའི་ལྟ་བ་ཡིན་པའི་མ་ཁྱབ།       ༢༠༡༤/༠༩/༢༣

Tuesday, 17 February 2015

དུས་རབས་ཉེར་གཅིག་འདིར་ཅིའི་ཕྱིར་༧གོང་ས་མཆོག ༢

   

    ངོས་རང་ད་ལྟ་ལོ་བདུན་ཅུ་དོན་དགུར་སླེབས་ལ་ཉེ། ལོ་བཅུ་དྲུག་ཐོག་ངས་བོད་ཀྱི་སྲིད་དབང་གི་འགན་འཁྲི་བླངས་པ་དང་ངའི་སྒེར་གྱི་རང་དབང་མེད་པར་ཆགས་སོང་།ལོ་ཉི་ཤུ་རྩ་བཞིའི་ཐོག་ངའི་རྒྱལ་ཁབ་གཞན་དབང་དུ་ཤོར་སོང་། དེ་ནས་སྐྱབས་བཅོལ་བའི་འཚོ་བའི་ཁྲོད་དཀའ་སྡུག་གང་མང་མྱངས་པ་ཡིན། ཤོད་རྒྱུན་ཞིག་ལ། ཁྱེད་རང་གནས་གང་ནས་སྐྱིད་ན་དེ་ཁྱེད་རང་གི་ཁྱིམ་ཞེས་འབོད་ཆོག་ལ། སྐྱེས་བུ་སུ་ཞིག་ཁྱེད་རང་ལ་ཤ་ཚ་ན་དེ་ཁྱེད་རང་གི་ཕ་མ་ལྟ་བུ་ཡིན་ཞེས་ཟེར་སྲོལ་ཡོད། ངོས་རང་འཛམ་གླིང་ཁྱིམ་གཞི་ཆེན་པོ་འདིའི་ནང་སྐྱིད་པོ་འདུག མི་ཚེ་དོན་སྙིང་ལྡན་པ་ཞིག་ཡོང་བར་སྒོར་མོ་ཡོད་མེད་ཀྱི་གནད་དོན་མ་རེད།དེ་ནི་གཞན་ཕན་སྒྲུབ་རྒྱུ་སྟེ་རེད།


མི་རིགས་དང་ཆོས་ལུགས་བར་གྱི་འགལ་ཟླ།   


                 གོ་ལའི་ཁྱིམ་གཞི་ཆེན་པོ་འདིར་ཆེས་རྙོག་འཛིང་ཆེ་བའི་གཞི་རྩ་གཅིག་ནི། ཆོས་ལུགས་ཕན་ཚུན་དབར་གྱི་འགལ་ཟླ་འདི་ཡིན་ལ། ཆོས་ལུགས་སོ་སོའི་ཆོས་བྱེད་པ་ཚོའི་ལྟ་བ་མཁྲེགས་འཛིན་གྱིས་མི་རིགས་ནང་ཁུལ་དང་། རྒྱལ་ཁབ་ཕན་ཚུན་བར་ལ་མི་གསོད་ཁྲག་སྦྱོར་བྱས་མྱོང་ཡོད་ལ། ཆོས་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་གྱིས་ཆོས་ལུགས་ཕན་ཚུན་བར་འཁྲུག་ཅིང་བརྩད་དེ་ཆོས་ལུགས་འགའ་ཤས་རྩ་བ་ནས་མེད་པར་གྱུར་སོང་བ་ཡང་ཡོད། 
           དེ་བཞིན་ཐུབ་པའི་བསྟན་པ་འཕགས་ཡུལ་དུ་དར་ཞིང་རྒྱས་བའི་སྐབས་སུ་ཕྱི་རོལ་བས་ནང་པའི་དགོན་པ་དང་ལྷ་ཁང་གཏོར་བ་དང་མེ་རུ་བསྲེགས་པ། སློབ་དཔོན་རྣམས་གསོད་པ་དང་སྤྱུགས་པ། དགེ་འདུན་པའི་སྡེ་རྣམས་རྩ་གཏོར་ཏུ་བཏང་བ་སོགས་བྱས་ཡོད་ལ། དེ་བཞིན་རང་རེའི་བོད་ཀྱི་ཡུལ་དུ་ཡང་བན་བོན་གཉིས་འཁྲུག་པ་ཚབས་ཆེན་བྱུང་ཡོད། དེ་འབྲེལ་གྱི་དཔེ་མཚོན་འགའ་དྲངས་ན། ཡི་ཤུ་ཆོས་ལུགས་ཁེ་ཐོ་ལིག་(Catholic)དང་པུ་རོ་ཊེ་སི་ཊན་(Protestant) ཁ་ཆེའི་ཆོས་ལུགས་སུའི་ནེས་(Sunni)དང་ཤེ་ཡ་(Shia)གཉིས་བཅས་ཆོས་རྒྱུད་གཅིག་ཀྱང་གྲུབ་མཐའ་མི་གཅིག་པ། མི་རིགས་གཅིག་ཀྱང་ཆོས་ལུགས་མི་གཅིག་པ། རྒྱལ་ཁུངས་གཅིག་ཀྱང་མི་རིགས་མི་གཅིག་པ་སོགས་ཅི་རིགས་ཡོད་པས། གཞི་རྩའི་འགྲོ་བ་མིའི་རིགས་ཀྱི་ཁྱིམ་གཞི་གཅིག་ཏུ་གནས་ཡོད་ཀྱང་། དུས་རབས་ཉེར་གཅིག་འདིར་སྔ་མའི་བག་ཆགས་སོགས་ཀྱིས་ད་ལྟའི་སྐབས་སུ་ཡང་ཕན་ཚུན་ལ་བསམ་ཤེས་དང་གུ་ཡངས་བྱེད་མ་ཐུབ་པར་ཆོས་ལུགས་དང་མི་རིགས་དབྱེ་འབྱེད་ཀྱིས་ང་ཚོར་དཀའ་ངལ་ཆེན་པོ་ཞིག་ཕྲད་བཞིན་ཡོད། 
            རྒྱལ་ཁབ་གྱི་སྲིད་འཛིན་དང་ཆོས་ལུགས་ཀྱི་བླ་ཆེན་ཚོས་མི་རིགས་དང་ཆོས་ལུགས་མཐུན་སྒྲིལ་དགོས་པ་དང་། ཞི་བདེ། གུ་ཡངས། ཕོ་མོ་འདྲ་མཉམ་དགོས་པ་སོགས་ལ་བསམ་ཤེས་དང་དབྱེ་འབྱེད་མི་བྱེད་པ་སོགས་མི་མང་སྟོང་ཕྲག་གི་མདུན་ནས་སྐད་གསང་མཐོན་པོས་བསྒྲགས་ཀྱི་ཡོད་ནའང་། དོན་དངོས་ལ་སུས་ཀྱང་ལག་ལེན་རྣམ་དག་ཅིག་འཁྱོངས་ཀྱི་མེད། འཛམ་གླིང་ན་སྙན་གྲགས་ལྡན་པའི་སྐྱེས་བུ་དམ་པ་རྣམས་ཏེ་རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་གན དྷི་(Mahatma Gandhi)ང་། ཨ་རིའི་མི་རིགས་དཀར་ནག་དབྱེ་འབྱེད་ལ་འཐབ་རྩོད་ནང་མཁན་མར་ཊིན་ལུ་ཐར་ཀིང་(Martin Luther King) འབར་མ་མི་མང་གི་རང་དབང་འཐབ་རྩོད་པ་ཨང་སན་སུའི་སྐྱིད(Aung San Suu Kyi) ཨ་ཕྷི་རི་ཀིའི་རང་བཙན་འཐབ་རྩོད་པ་ནེལ་སོན་མན་དྷེ་ལ་(Nelson Mandela) པ་ཀི་སི་ཐན་གྱི་བུད་མེད་ཐོབ་ཐང་རྩོད་ལེན་པ་མ་ལ་ལ་ཡོས་ས་ཕྷ་ཛྷི་(Malala Yousafzai) བཅས་རང་གི་མི་རིགས་དང་རྒྱལ་ཁབ་ལ་ལྷག་བསམ་དང་སེམས་འཁུར། ཤ་ཞེན་དང་སྙིང་རྗེ་ཡོད་པ་དོན་དངོས་ཡིན་ལ། འཚེ་མེད་ཞི་བའི་སྒོ་ནས་རང་ཉིད་ཀྱི་དགྲར་འཐབ་རྩོད་བྱས་ཞིང་གཅེས་སྲོག་འབེན་ལ་བཞག་ནས་ཡོད་ཚད་བློས་གཏང་སྟེ། སྲིད་དབང་སྒེར་འཛིན་པ་དང་མི་མང་སྡུག་ལ་སྦྱོར་བར་དགའ་བའི་རིགས་དེ་དག་ལ་ལྡོག་ཕྱོགས་ནས་གྱེན་དུ་ལངས་ཏེ་འཛམ་གླིང་མི་མང་གི་མདུན་དུ་བརྗེད་དུ་མེད་པའི་འབྲས་རྟགས་རླབས་ཆེན་བཞག་ཡོད་པ་ཡང་དོན་དངོས་ཡིན། 
            དོན་དངོས་ནི་དོན་དངོས་ལ་འཇོགས་དགོས་པ་ལས་སྒྲོ་འདོགས་དང་ཟུར་ཟ་བྱེད་དགོས་དོན་མེད་མོད་ཀྱང་།  སྐྱེ་བུ་དམ་པ་དེ་དག་ལས་ད་དུང་ཆེས་གཟི་བརྗིད་ལྡན་པའི་མི་སྣ་ཞིག་ཡོད་པ་ནི། འཛམ་གླིང་བཞི་བདེའི་དེད་དཔོན་དང་བོད་ཁ་བ་གངས་ཅན་གྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་༸སྐྱབས་མགོན་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག་ཡིན།  བོད་རིགས་མ་ཡིན་པའི་གྲོགས་པོ་ཞིག་གིས་རྩོམ་འདི་བཀླགས་ཚེ། གནས་ལུགས་འདི་ཕལ་ཆེར་མཁས་མི་ལེན་ཞིང་དེ་ནི་ཞེན་ཁོག་གི་སྐད་ཆ་ཞིག་རེད་ཅེས་ཟེར་སྲིད་མོད། སྐབས་དེར་ངས་འཛམ་གླིང་གི་ལོ་རྒྱུས་ནང་དུ་ཆོས་ལུགས་གང་ཞིག་གི་བླ་ཆེན་ཞིག་ཆོས་ལུགས་གཞན་གྱི་དགོན་པལྷ་ཁང་དང་དེའི་ཆོ་གར་བརྩི་སྲུང་བྱེད་མཁན་སུ་ཞིག་ཡོད་དམ་ཞེས་དྲིས་ན། ཁོང་གིས་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་དར་སྤེལ་གཏོང་ཐབས་བྱེད་ཀྱི་ཡོད་ཅེས་ཟེར་སྲིད་མོད། འོ་ན་བྱམས་བརྩི་དང་སྙིང་རྗེ་སྨྲ་བ་ཡི་ཤུའི་ཆོས་དཔོན་པོབ་(Pope) ལ་སོགས་པའི་དེ་ལྟར་མི་བྱེད་དོན་ཅི་ཡིན་ནམ། གཞན་ཡང་།  ཆོས་ལུགས་གང་ཞིག་མཁས་ལེན་མཁན་དང་མི་མཁན་གྱི་མི་མང་དུང་ཕྱུར་འདས་པས་གོང་ས་མཆོག་ལ་དགའ་གུས་ཆེན་པོ་བྱེད་དོན་ཅི་ཡིན་ནམ་ཞེས་དྲི་འདོད། དེ་ནི་ཁོང་ཆབ་སྲིད་ལ་མཁས་པས་རེད་ཅེས་ཟེར་སྲིད། འོ་ན་འཛམ་གླིང་གི་ཆབ་སྲིད་པ་ཚོས་དེ་ལྟར་མི་བྱེད་དོན་ཅི་ཡིན་ནམ། 
           སྟོབས་འབྱོར་ལྡན་པའི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྔ་ཕྱིས་སྲིད་འཛིན་སོགས་ཀྱིས་མི་མང་གི་དགའ་གུས་ལ་མ་སྤྲོ་བ་ཡིན་ནམ། དེ་ལྟར་ག་ལ་ཡིན། ཁོང་ཚོས་ཆབ་སྲིད་རིག་པར་ཆེད་སྦྱོང་བྱས་ཤིང་ཆབ་སྲིད་ཆེད་ལས་པ་ཤ་སྟག་ཡིན་པས། མཐུན་སྒྲིལ་དང་ཞི་བདེ། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་། དྲང་བདེན་སོགས་སྐད་ཤུགས་ཆེན་པོས་གླེང་བཞིན་མཆིས་ཀྱང་། དོན་དངོས་སུ་དེ་དག་ཁ་ཞེ་གཉིས་མེད་ཀྱིས་ལག་ལེན་བསྟར་མཁན་སུ་ཡིན་ནམ། དེ་ནི་གོང་ས་མཆོག་ཡིན་ལ། དེ་ནི་མཐའ་ན་རྒྱ་རིགས་ཤེས་ཡོན་པ་གང་མང་ཞིག་གིས་གོང་ས་མཆོག་ལ་དགའ་གུས་བྱེད་ཀྱིན་ཡོད། གལ་སྲིད་ཨ་རིའི་ཆབ་སྲིད་པ་དག་གིས་ཁས་བཤད་པ་ལག་ཏུ་ལེན་གྱི་ཡོད་ཚེ།  ཁ་ཆེ་བ་ཚོར་སྡང་ཟུག་ཆེན་པོ་སྐྱེས་དོན་མེད་ལ། གལ་ཏེ་རྒྱ་ནག་གཞུང་གིས་ཁས་བཤད་པ་ལག་ཏུ་ལེན་གྱི་ཡོད་ཚེ་ཧོང་ཀོང་མི་མང་དང་ནང་སོག་མི་མང་། ཤར་ཏུར་ཀི་སི་ཐན་གྱི་མི་མང་། བོད་མི་མང་སོགས་མི་རིགས་འདྲ་མིན་གྱིས་རྒྱ་ནག་གཞུང་ལ་ཞི་དྲག་གང་རུང་གིས་ངོ་རྒོལ་འདི་འདྲ་བ་བྱེད་དགོས་དོན་མེད་དོ།།

    ༧གོང་ས་མཆོག་གིས་སྐྱེ་འགྲོ་ཡོངས་ཀྱི་སླད་དུ་ཐུགས་འགན་ཆེན་པོ་གསུམ་དུས་དང་རྣམ་པ་ཀུན་ཏུ་ལྷོད་ཡངས་མེད་པར་ཕྱི་གསལ་ནང་གསལ་གྱིས་མཛད་པ་རྒྱ་ཆེན་གནང་དང་གནང་བཞིན་ཡོད་དེ། ཐུགས་འགན་གསུམ་ནི།     
        
 ༡   ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌།སྤྱི་ཚོགས་བཅས་སུ་བདེ་སྐྱེད་འབྱུང་བའི་གཞི་རྩ་ཡིན་པར་བཞེད།

  ༢   ཁོང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང༌། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང༌། བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱེད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡིན་པར་བཞེད།

   ༣     ཁོང་ཉིད་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དེའང་ཁོང་གི་འགན་ཁུར་ཡིན་པར་བཞེད་དོ༎

     

                                      ཕྱི་ལོ། ༢༠༡༤ ཟླ་བ། ༡༠། ཚེས། ༡༠ ཉིན་བྲིས།

དུས་རབས་ཉེར་གཅིག་འདིར་༧གོང་ས་མཆོག་ཅིའི་ཕྱིར། ༡



                                                         
   སྔོན་གླེང་།

               མི་ལོ་ཐེར་འབུམ་བཞི་བཅུའི་ཡར་སྔོན་ནས་གོ་ལའི་ཁྱིམ་གཞི་ཆེན་པོ་འདི་གྲུབ་པ་དང་དེ་ནས་རིམ་བཞིན་འབྱུང་བ་བཞིའི་སྦྱོར་བསྡེབས་ཀྱི་འགྲོས་ལས་མིའི་རིགས་བྱུང་། དེ་ནས་དུས་ཡུན་ངེས་ཅན་ཞིག་ཕྱིན་པའི་བརྒྱུད་རིམ་ཁྲོད་ནས་མི་རྣམས་སྡེ་ཚོགས་སུ་ཆགས་པ་དང་འབྲེལ་ནས་རིམ་བཞིན་རྒྱལ་ཁབ་ལྟ་བུ་སོ་སོར་ཆད། དེ་དག་ལ་རང་སོ་སོར་ཐུན་མོང་མིན་པ་དང་དམིགས་བསལ་གྱི་འགྲོ་འདུག་སྤྱོད་གསུམ་གྱི་བགྱི་སྒོ་མ་འདྲ་བ་བྱུང་ཞིང་། དེར་བརྟེན། རང་སོ་སོའི་དངོས་པོའི་དཔལ་ཡོན་དང་རིག་གནས་ཀྱི་དཔལ་ཡོན་སོགས་སྲིད་འབྱོར་རིག་གསུམ་གྱི་སླད་དུ་ཕན་ཚུན་ལ་འགལ་ཟླ་དང་ནང་འཁྲུག་གི་བརྒྱུད་རིམ་ཁྲོད་ནས་འཛམ་གླིང་འདིར་ཆེས་འཇིགས་སུ་རུང་བའི་འཁྲུག་འཛིང་ཆེན་པོ་གཉིས་བྱུང་ཡོད།          
                              
               དེ་ནི་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་ཏེ། ཐོག་མར་མིའི་རིགས་བྱུང་བ་ནས་རིམ་གྱིས་རྣམ་དཔྱོད་དང་བློ་གྲོས་ཀྱིས་འཚོ་བའི་ཉེར་མཁོ་ལ་འགྲན་བསྡུར་གྱི་ཁྲོད་ནས། རིག་རྩལ་དང་ཐབས་ཇུས་འཕེལ་ཏེ་ཆབ་སྲིད་དང་དཔལ་འབྱོར། རིགགཞུང་། ཁྲིམས་ལུགས། དམག་དོན་སོགས་མི་རིགས་ཀྱི་ཤེས་རིག་འདི་ལ་དར་རྒྱས་བྱུང་། ཡུན་གྱིས་རིག་ཚན་དེ་དག་རྒྱལ་ཁབ་གཞན་དང་སྡུར་ཐབས་མེད་པ་དང་བླ་ན་མེད་པ་དང་གོང་ན་མེད་པའི་རང་མཐོ་རང་གཅེས་ཀྱི་འདུ་ཤེས་ལས། རྒྱལ་ཁབ་ཆེ་འབྲིང་ཆུང་གསུམ་གྱི་བར་ལ་རྒྱུ་སྐར་གས་འཐོར་ཆེན་པོ་བྱུང་བ་ཇི་བཞིན་འཐབ་འཁྲུག་ཚད་ལས་བརྒལ་བ་མང་པོ་བྱུང་ཡོད། འཛམ་གླིང་མི་མང་གྲངས་ལས་འདས་པ་ཞིག་གི་ཚེ་སྲོག་སྟེ་གོ་ལའི་ཁྱིམ་གཞིའི་ནང་དུ་གོ་མེད་ཚོར་མེད་ལ་ཐིམ་སོང་བ་དང་། འདས་པའི་འཇིགས་སུ་རུང་བའི་དམག་དུས་ཆེན་པོ་གཉིས་ཀྱི་བྱུང་བ་ལ་ཟུར་ནས་ལྟས་ན་ལེབ་ཀྱིས་མཐོང་བ་བརྗོད་མ་དགོས་པ་ཞིག་ཡིན། དེ་ལྟའི་འཇིགས་རུང་གི་དམག་དུས་ལས་རྒྱལ་ཁབ་དང་མི་རིགས་ལ་ལ་ཞིག་ཉམས་རྒུད་ནས་རྩ་སྟོང་དུ་གྱུར་སོང་བ་ཡོད་ལ། ལ་ལ་ཞིག་དམག་འཁྲུག་ལས་རྒྱལ་ཏེ་ཕྱོགས་གང་བཅས་ཐད་ནས་སྟོབས་འབྱོར་ཕུན་སུམ་ཚོགས་པའི་ལམ་ལ་ཞུགས་ཡོད། 
                                                                     
          དམག་ཆེན་གཉིས་པའིི་འཐབ་འཁྲུག་གིས་འཛམ་གླིང་མི་མང་ལ་སློབ་གསོ་ཅི་ཞིག་སྤྲད་ཡོད་ཅེས་ན། དེ་ནི་འཇིགས་སུ་རུང་བའི་དམག་འཁྲུག་གི་དཀའ་ངལ་ནང་ཞུགས་མྱོང་བ་དང་ཤེས་རྟོགས་མྱོང་རྒྱུས་ཡོད་པའི་འཛམ་གླིང་གི་རྒྱལ་ཁབ་ཆེ་འབྲིང་ཆུང་གསུམ་ཚང་མས་ཞི་བདེ་དང་ལྷིང་འཇགས། མཛའ་མཐུན་དང་མཉམ་ལས་སོགས་ཤུགས་ཆེར་གླེང་ཞིང་། གླེང་གཞི་འདི་དག་གི་མགོ་འཛུགས་ས་ཡང་རྒྱལ་ཁབ་དེ་དག་དང་མི་རིགས་དེ་དག་ཡིན། དེ་ཡང་རྒྱལ་ཁབ་སོ་སོའི་ཐོན་ལས་འབྱུང་ཁུངས་དང་འཛུགས་བསྐུན། ཕྱིའི་རྒྱལ་ཁབ་སོགས་ཀྱི་ཐོན་རྫས་རིག་དངོས་སོགས་ཕྱི་ལ་བཙོང་བ་དང་ཕྱིའི་ཐོན་རྫས་ནང་དུ་འདྲེན་པ་སོགས་མཐུན་སྒྲིལ་མཉམ་གནས་ཀྱི་ཚོང་ལས་རིག་པའི་ལམ་ལུགས་དར་བ་དང། དེའི་མྱུར་ཚད་ཀྱང་ཉིན་རེ་ལས་ཇེ་ཆེ་དང་ཇེ་མགྱོགས་སུ་སོང་སྟེ་དེང་འཛམ་གླིང་གི་ཁྱིམ་གཞི་ཆེན་པོ་འདི་དཔལ་འབྱོར་དུས་རབས་འདི་འདྲ་ཞིག་ཏུ་གྱུར་ཡོད་དོ།།


འགྲོ་བ་སྤྱིའི་བདེ་བ་དོན་དུ་གཉེར་བ།

       དུས་རབས་བཅུ་དགུ་འི་མཇུག་དང་དུས་རབས་ཉི་ཤུ་འི་མགོ་ཙམ་ནས། ཕྱིའིི་དངོས་པོའི་དཔལ་ཡོན་དང་དེའི་འཛུགས་བསྐྲུན་གོང་འཕེལ་གྱིས་འགྲོ་བ་མིའི་རིགས་བདེ་སྐྱིད་ཀྱི་དཔལ་ཡོན་བསྐྲུན་པར་རློམ་ནས། དངོས་གཙོ་སྨྲ་བ་རྣམས་ཀྱིས་ཕྱིའི་དངོས་པོ་ཡར་རྒྱས་ཀྱི་ཁ་ཕྱོགས་སུ་འབད་པ་བྱས་ཏེ་གོ་ལ་ཁྱོན་ཡོངས་ནས་ཚན་རྩལ་འཕེལ་རྒྱས་ཀྱི་གོམས་སྟབས་མགྱོགས་པ་དང་། དེ་བཞིན་ཕྱོགས་ཡོངས་ནས་འགྲན་རྩོད་ཀྱི་གཡང་ཆེན་པོར་ཞུགས་པའི་དཔལ་འབྱོར་དུས་རབས་འདིར། སེམས་གཙོ་སྨྲ་བ་རྣམས་ཀྱིས་ཕྱིའི་དངོས་པོ་ཁོ་ནས་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་ཆ་ཚང་བ་བསྐྲུན་མི་ཐུབ་པ་ནི་ཕྱོགས་ཡོངས་ནས་སྒྲུབ་བྱེད་གཏོང་གི་ཡོད་ལ། དཔེ་མཚོན་ཡང་འདྲེན་གྱི་ཡོད། མ་ཟད་དེ་འབྲེལ་གྱི་བརྩམས་ཆོས་མི་ཉུང་བ་ཞིག་ང་ཚོའི་མིག་གི་ལོངས་སྤྱོད་དུ་གྱུར་ཡོད་ནའང་། འགྲོ་བ་མིའི་རིགས་ཕལ་མོ་ཆེ་ཕྱིའི་ཐོན་སྐྱེད་ཀྱི་རིག་དངོས་གཙོ་བོར་འཛིན་པ་ཆེ་དྲག་ནས། སེམས་གཙོ་སྨྲ་བའི་རིག་ལམ་ཕྱོགས་སྟོན་གྱི་ངོས་ལ་དེ་ཙམ་གྱི་ནུས་ཤུགས་སླེབས་ཐུབ་མེད་ཅིང་། མྱུར་ཚད་ལྡན་པའི་དཔལ་འབྱོར་འཁོར་སྐྱོད་ཀྱི་དུས་རབས་འདིར་ཕྱིའི་དངོས་པོ་ལ་འཛིན་ཤུགས་ཆེ་ང་། འཛམ་གླིང་གི་སྤྱི་ཚོགས་ཧྲིལ་བོར་གཅིག་མཚུངས་སུ་འཕྲད་བཞིན་པའི་དཀའ་ངལ་ནི་ནང་སེམས་ཀྱི་བདེ་སྐྱིད་མ་རེག་པས་ཡིན།

    ༸གོང་ས་མཆོག་གི་གསུང་ལས་ཕྱིའི་དངོས་པོའི་ཡར་རྒྱས་ལ་དོ་སྣང་ཚད་ལས་བརྒལ་བ་བྱེད་པ་འདི་དང་། དེང་གི་སྤྱི་ཚོགས་ནང་མངོན་གསལ་ཡིན་པའི་ཡིད་མ་ཚིམས་པ་དང་།མ་སྐྱིད་པ། དངངས་སྐྲག་ལྟ་བུའི་སེམས་ཀྱི་སྡུག་བསྔལ་བར་ལ་འབྲེལ་བ་ཞིག་ཡོད་པའི་ལྟ་ཚུལ་ལ་གནས་ལུགས་ལྡན་པ་དེ་ཡིན་ཞེས་གསུངས། 
            
             ཡང་།  ཕྱིའི་དངོས་པོ་ཁོ་ནས་མིའི་བདེ་སྐྱེད་བསྐུན་མི་ཐུབ་པར་བརྟེན། བྱམས་བརྩེ་དང་བཟོད་བསྲན་སོགས་ནང་གི་བསམ་བློའི་རིན་ཐང་དེ་དག་གོང་མཐོར་གཏོང་པར་བརྒྱུད། སེམས་ནང་བདེ་སྐྱིད་བསྐུན་ཐབས་ལ་འབད་བརྩོན་བྱེད་དགོས་པ་དང་།དེ་ཡང་ཆོས་ལུགས་དང་མ་འབྲེལ་བའི་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་གཏོང་དགོས་ཞེས་གསུངས་ཡོད།

        དེ་ལྟར་གོང་ས་མཆོག་གིས་དུས་རྒྱུན་དུ་ཆོས་ལུགས་དང་མ་འབྲེལ་བའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་སྦྱར་ནས། འཛམ་གླིང་མི་མང་ལ་མངོན་སུམ་གྱིས་བདེ་སྐྱིད་དེ་ཕྱི་ནང་གསང་གསུམ་དུ་བསྐྲུན་ཐུབ་པའི་ནུས་ཤུགས་ཁྱད་པར་བ་ཞིག་སྟེར་ཐུབ་ཡོད་པས། འཛམ་གླིང་མི་མང་གིས་གོང་ས་མཆོག་ནི་ཕྱིི་གསལ་ནང་གསལ་དུ་ཕན་ཐོག་བསྐྲུན་མཁན་གྱི་སློབ་གསོ་བ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ལ། དེ་བཞིན་རྗེས་སུ་ཡི་རང་དང་དགའ་གུས་ཆེན་པོ་བྱེད། དེ་ནི་ཞི་བདེ་དང་མཐུན་སྒྲིལ། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་། ཐུན་མོང་གི་ཀུན་སྤྱོད། ཁོར་ཡུག་སྲུང་སྐྱོབས་སོགས་ལ་ཐུགས་འཁུར་གནང་དང་གནང་བཞིན་པའི་འཛམ་གླིང་གི་མི་སྣ་གྲགས་ཅན་གང་ཞིག་ལ་གཟེངས་བསྟོད་ཀྱི་བྱ་དགའ་ཐོབ་པ་མང་མོད་ཀྱང་། ༸གོང་ས་མཆོག་ལ་གཟེངས་བསྟོད་ཕུལ་བའི་བྱ་དགའ་ལྟ་བུ་ཞིག་མེད་ཚོད་རེད། མདོར་ན། ༸གོང་ས་མཆོག་ནི་མི་སྣ་གྲགས་ཅན་རྣམས་ཀྱི་ནང་ནས་ཕུལ་ཏུ་བྱུང་པའི་སྒྲོན་མེ་ལྟ་བུ་ཞིག་ཅི་ལ་མིན། ༸གོང་ས་མཆོག་ནི་སེམས་གཙོ་སྨྲ་བའི་རིག་ཚན་གྱི་ཆེད་ལས་་ཞིག་མིན་ལ་དངོས་གཙོ་སྨྲ་བའི་རིག་ཚན་ལ་སྡང་སེམས་ཡོད་པ་དེ་འདྲའང་ཁྱོན་ནས་མིན་ནོ།། 
             
             ༸གོང་ས་མཆོག་གིས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་ཞུགས་ཏེ་ཆོས་ལུགས་དང་མ་འབྲེལ་བའི་འགྲོ་བ་མིའི་གཞི་རྩའི་ཀུན་སྤྱོད་གོང་འཐོར་གཏོང་ཐབས་གནང་གིན་ཡོད་ལ། ད་ལྟ་འཚོ་བཞིན་པའི་མི་རབས་འདི་ཙམ་མ་ཟད་འབྱུང་འགྱུར་གྱི་མི་རབས་མང་པོའི་སླད་དུ་འཛམ་གླིང་རང་བཞིན་གྱི་རང་བྱུང་ཁམས་ཆེན་པོར་བདག་གཉེར་བྱེད་དགོས་པའི་དཀའ་སློབ་དུས་རྒྱུན་གནང་གི་ཡོད་པ་དེའི་དངོས་ཤུགས་བརྒྱུད་གསུམ་ནས་བླང་བྱ་གལ་གནད་ཅན་མང་པོ་ཡོད་པ་ལས་ཕྲན་གྱིས་གནད་དོན་ཁ་ཤས་ཤིག་གླེང་ཁུལ་བྱ་རྒྱུ་ཡིན།


      གང་དག་ནོར་གྱི་འབྱོར་བས་མ་ཕོངས་ཀྱང་།།
      གཙང་མའི་རླུང་ཙམ་བརྔུབ་པའི་སྐལ་བས་དབེན།།
               ཆར་དང་ཆུ་རྒྱུན་རྣམས་ཀྱང་དག་བྱེད་ཀྱི།།
      ནུས་པ་ཉམས་ཏེ་བརླན་གཤེར་རྫས་སུ་ཟད།།
                             

      མི་ཕྱུགས་སྐམ་གཤེར་གནས་པའི་སྲོག་ཆགས་ཀུན།།
      ལུས་ལ་གདུག་ཅན་ནད་རིགས་དུ་མས་གཟིར།།
      སེམས་ལ་བྱིངས་འཐིམ་རྨོངས་པས་རབ་ནོན་ཏེ།།
      ལུས་སེམས་བདེ་ལ་སྤྱོད་པའི་གོ་སྐབས་ཕྲ།།

      གཞན་ཡང་བཅོས་མའི་རྫས་སྦྱོར་ཆེས་སྦྱོད་ཅིང་།།
      འདོད་རྔམས་དབང་གིས་འཕྲལ་ཀྱི་ཁེ་ཕན་སླད།།
      རྩི་ཤིང་ནགས་ཚལ་གཅོད་འབྲེག་ལ་སོགས་པས།།
      འབྱུང་བ་ས་ཡི་ཟུངས་བཅུད་བརླག་པར་བྱ།།

                      
      ཚན་འཕྲུལ་བསྐལ་པ་བདོ་བའི་དུས་འདིར་ཡང་།།
               གནས་དང་སྤྱོད་ཆས་ཕལ་ཆེར་ལྗོན་པའི་དྲིན།།
      འཐབ་རྩོད་ཁོང་ཁྲོའི་མེ་ཡིས་སྙིང་བསྲེག་ཚེ།།
      འཕྲལ་དུ་ཞི་བསིལ་ཚོར་བ་ལྗོན་པས་སྟེར།།  
                                      ཞེས་གསུངས་སོ།།

           

Tuesday, 27 January 2015

རྒྱབ་གཟུགས་མ།

     


སྙིང་ལ་ཟུག་པའི་རྒྱབ་གཟུགས་ཏེ།
མཛེས་པ་ལ་ནི་བརྗོད་མི་ནུས།
དྲག་ཆར་རླུང་འཚུབ་ཇི་ཙམ་བཙན་ཡང་།
བདག་ནི་སྲུང་མ་ལྟར།
ཁྱེད་རང་གར་འགྲོ་གང་འདུག་གི་རྒྱབ་གཟུགས་ན།
མིག་ཟུང་གཅེར་ཏེ་མཆེས།

རེ་བ་རི་ལྟར་མཐོ་བོ་མེད་ལ།
དམའ་བོའང་མིན་བའི་བར་མཚམས་སུ།
རྫུན་བཟོ་བྱས་པའི་སྙིང་གཏམ་མེད་ལ།
ལྐོག་གྱུར་བཤམ་པའི་ངན་ཇུས་ཀྱང་མེད།
ཅི་ཡང་མ་འདྲེས་པའི་སྐད་ཆ་ཉམས་དམའ་བོ་ཞིག
བརྗོད་འདོད་སེམས་ཀྱི་རྨ་ཁར་གྱུར་སོང་།

སྙིང་ལ་ཟུག་པའི་རྒྱབ་གཟུགས་དེར།
བལྟས་ཀྱིན་བལྟས་ཀྱིན།
སྐད་ཅིག་བསྡོད་པའི་རང་དབང་བྲལ་བས།
བདག་ལ་ཕྱིར་མིག་ཐེངས་གཅིག་ལྟོས་དང་།
དགའ་མ་ལགས།

2014/07/20.